Popular Posts

Saturday, October 16, 2010

ཕེབས་བསུ་མཚོ་བྱུང་དབྱངས་ཅན་དགྱེས་པའི་འགྱུར་ཁུག

བཀྲ་ཤིས་གཏམ་བཟང་སྙན་མོ་སྒྲོག་པ་དང་།།

བདེ་ལེགས་དགའ་བསུའི་ཐལ་མོ་ལྡེབ་བཞིན་དུ།།

དྲི་མེད་ལྷ་དར་དཀར་པོ་འབུལ་དང་ལྷན།།

བསྟན་པའི་རྩ་ལག་ཆེན་མོར་ཕེབས་བསུ་ཞུ།།

ཐུབ་བསྟན་ཉིན་བྱེད་འོད་སྣང་འབུམ་འཚེར་བའི།།

གང་སྐུ་ལྟ་ལྗང་དབང་པོའི་མདངས་ལྡན་ཅན།།

གསེར་མདོག་ཅོད་པན་འཆང་པའི་གཙུག་གི་ནོར།།

སྐྱབས་མཆོག་མུན་བསལ་སྒྲོན་མེར་ཕེབས་བསུ་ཞུ།།

གངས་ཅན་སཱ་ལའི་མདོ་ཁམས་སེར་ཤུལ་དུ།།

སྐུ་ཡི་མཚན་དཔེའི་མེ་ཏོག་བཞད་པ་དང་།།

རྒྱལ་བསྟན་འཛིན་པའི་ཐུགས་དམ་འགྱུར་མེད་པ།།

ཕན་བདེའི་སྙིང་ནོར་ཆེན་མོར་ཕེབས་བསུ་ཞུ།།

ཁྱོད་སྐུ་པད་མ་དཀར་པོ་བཞད་མ་ཐག།།

རིགས་དྲུག་འགྲོ་བ་ཡོངས་ཀྱི་གཏན་བདེའི་ཆེད།།

ལེ་བར་ཁྲི་འབུམ་བརྒལ་ཏེ་འདིར་ཕེབས་ལ།།

ཟླ་མེད་འགྲོ་བའི་བླ་མར་ཕེབས་བསུ་ཞུ།།

འཕགས་ཡུལ་ཧི་མ་ལ་ཡི་མཛེས་ལྗོངས་ཀྱི།།

ཕྱག་ན་པད་དཀར་འཆང་པའི་རྣམ་རོལ་བ།།

གངས་ཅན་༧སྐྱབས་མགོན་དམ་པའི་བཞུགས་གནས་འདིར།།

ཁྱོད་སྐུ་ཉི་གཞོན་དབང་པོར་ཕེབས་བསུ་ཞུ།།

ལྷོ་ཡི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་དུ།།

སེར་བྱེས་མཁས་སྙན་བྱེས་བའི་གྲྭ་ཚང་ཆེར།།

ནང་བསྟན་འཆད་དང་རྩོད་དང་རྩོམ་པའི་སར།།

མཆོག་སྤྲུལ་རིག་པའི་དཔའ་བོར་ཕེབས་བསུ་ཞུ།།

ལུང་རིག་འདབ་བརྒྱ་གྲོལ་བའི་ཆོས་སྡེ་དེར།།

གངས་ཅན་མཁས་པའི་ཁྱུ་མཆོག་རྣམ་པར་བཀྲ།།

བཀའ་ཌརམས་དགེ་བའི་བཤེས་ཀྱི་འབྱུང་གནས་ཆེར།།

ལུང་རིག་དེད་དཔོན་ཆེན་པོར་ཕེབས་བསུ་ཞུ།།

གྲངས་མེད་བསྐལ་བའི་དུས་ཀྱི་སྔ་རོལ་ནས།།

འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས།།

གླིང་འདིའི་མཁས་པའི་ཡང་རྩེར་འཕགས་པ་ལྟར།།

བསྟན་པའི་གཙུག་རྒྱན་ཁྱོད་ཀྱང་དེ་བཞིན་སྨོན།།

བསྟན་འཛིན་སྐྱེས་བུའི་མཛད་འཕྲིན་འོད་སྟོང་གིས།།

རབ་འབྱམས་རྒྱལ་བའི་གཞུང་པོད་ནོར་བུའི་མཛོད།།

གསལ་བར་རྟོགས་པའི་འཕྲིན་ལས་དབྱེར་མེད་པའི།།

བཀའ་བསྟན་མཐའ་ཡས་རྒྱ་མཚོར་མཐར་སོན་ཤོག།།

ཆུང་སྲིད་ནམ་མཁའི་ནོར་བུ་འོད་སྟོང་ཅན།།

ཞབས་སོར་བཀྲ་ཤིས་རི་མོ་འདིར་འཁོད་ལ།།

སོག་པན་སེར་པོ་ཤུལ་གྱི་གྲལ་མཐའ་བ།།

དཀོན་མཆོག་རིག་པའི་བཟང་པོས་ཕུལ་བ་དགེ།།

གངས་ཅན་མགོན་པོའི་བཞུགས་གནས་དྷ་རམ་ས་ཡི་དགའ་ཚལ་ནས། སྤྱི་ལོ་ ༢༠༠༥ ཟླ་ ༠༩ ཚེས་ ༢༠ ཉིན་བྲིས་སོ།།

No comments:

Post a Comment